དབུ་དཀར་ཚང་གཡུ་སྒྲོན འགན་འཛིན། དབུ་དཀར་ཚང་གཡུ་སྒྲོན་ལགས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝཱཧར་ལལ་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་ནས་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་དང་། ཨ་རིའི་ཀྲཕ་གཙུག་ལག་སློབ་གཉེར་ཁང་ནས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་འབྲེལ་ཐབས་བྱུས་ཐོག་གཙུག་ལག་རབ་འབྱམས་པ་ཐོན། ཁོང་ཉིད་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་འགན་འཛིན་མ་གནང་གོང་ནེ་ཐར་ལན་ཌི་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀེརེ་དཱ་ཞེས་པའི་རྒྱལ་སྤྱི་ཚོགས་པ་ཞིག་ཏུ་ལོ་གསུམ་རིང་རང་དབང་ཅན་གྱི་སློབ་སྟོན་པའི་ངོ་བོར་ཕྱག་ལས་གནང་། ཕྱི་ལོ་༡༩༩༤ ནས་བོད་ཀྱི་བུད་མེད་ལྷན་ཚོགས་སུ་འབྲེལ་ཡོད་ཉམས་ཞིབ་པའི་ཕྱག་ལས་གནང་ཞིང་རྗེས་སོར་ཚོགས་པའི་རྒྱུན་ལས་སུ་འདེམས་ཐོན་བྱུང་། དེ་ནས་༢༠༠༠-༢༠༠༣ བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ལས་འཆར་འབྲེལ་ཡོད་ལས་བྱེད་གནང་། ད་ལྟའི་ཆར་དབུ་དཀར་ཚང་གཡུ་སྒྲོན་ལགས་བོད་མི་མང་མདོ་སྟོད་སྤྱི་འཐུས་གནང་མུས་སུ་མཆིས། ཨ་ཕ་ལྷ་མོ། འགན་འཛིན་གཞོན་པ། ཨ་ཕ་ལྷ་མོ་ལགས་ལྡི་ལིའི་མི་རཱན་ཌ་བུད་མེད་གཙུག་ལག་སློབ་གཉེར་ཁང་ནས་ཆབ་སྲིད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ཇ་ཝཱཧར་ལལ་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་ནས་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གཙུག་ལག་རབ་འབྱམས་པ་ཐོན། དེ་རྗེས་ལྡི་ལིར་རྟེན་གཞི་བྱས་པའི་ཞི་བདེ་དང་རྩོད་རྙོག་ཞིབ་འཇུག་ལྟེ་གནས་ཁང་(Institute of Peace and Conflict Studies) དང་། རྒྱ་ནག་གི་ཐབས་བྱུས་དབྱེ་ཞིབ་ཁང་(Centre for China Analysis and Strategy) དུ་ཉམས་ཞིབ་པའི་ཕྱག་ལས་གནང་གི་ཡོད། དེ་ཡང་གཙོ་བོ་བོད་ནང་གི་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་གནད་དོན་ཐོག་དབྱེ་ཞིབ་གནང་ཞིང་། འདི་ཉིད་བདུན་གཉིས་རེའི་ཚགས་ཤོག་ཅིག་ཏུ་དཔྱད་རྩོམ་སྤེལ་བར་བྱས། མི་རིང་བར་ཁོང་གིས་རྒྱ་དམར་གཞུང་གི་ལས་སྣེ་མཐོ་བའི་དཔོན་རིགས་ཐོག་གནས་ཚུལ་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་ཅིག་ཐོན་འཆར་ཡོད་པ་རེད། གོང་བརྗོད་ལས་ཞོར་དུ་ཇ་ཝཱཧར་ལལ་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་དུ་ཡུ་རོབ་ཀྱི་ལོ་རྒྱུས་ཞིབ་འཇུག་ཐོག་ཉེ་བའི་འབུམ་རམས་པའི་ལོ་རིམ་མཐའ་མར་སློབ་གཉེར་གནང་མུས་སུ་མཆིས། བསྟན་འཛིན་སྟོབས་ཆེན། ལས་གཞི་དང་བརྒྱུད་ལམ་འབྲེལ་མཐུད་པ། བསྟན་འཛིན་སྟོབས་ཆེན་ལགས་མ་སུ་རི་གཏན་སློབ་ནས་གཞི་རིམ་གོང་མའི་སློབ་མཐར་སོན་ཞིང་། མ་དི་ར་སི་ཡེ་ཤུའི་མཐོ་སློབ་ནས་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན། མཐོ་སློབ་འགྲིམ་བཞིན་པའི་གནས་སྐབས་མ་དི་ར་སི་བོད་པའི་སློབ་ཕྲུག་ཚོགས་པ་(TSAM) ཡི་ཚོགས་མི་ཡང་གནང་འདུག དེ་རྗེས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་ཁང་(International Tibet Network)ཞེས་པའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཤིག་ཏུ་ཉམས་གསོག་པའི་ངོ་བོར་འབྲེལ་མཐུད་པ་དང་། ཡིག་སྒྱུར་དང་འབྲེལ་བའི་ལས་དོན་ཁག་གཙོ་སྐྱོང་གནང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་ཟླ་དྲུག་རིང་ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་གནང་བ་དེར་མཉམ་ཞུགས་གནང་། བསྟན་འཛིན་མིག་དམར། འཆར་འགོད་དང་ལས་གཞི་འབྲེལ་མཐུད་པ། བསྟན་འཛིན་མིག་དམར་ལགས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་ནས་ཡིན་ཞིང་། མེ་སོར་གཙུག་ལག་སློབ་གཉེར་ཁང་ནས་གསར་འགོད་ལས་རིགས་དང་རྒྱ་ཁྱབ་འཕྲིན་སྤེལ་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པར་མ་ཞུགས་གོང་བྷེང་ལོ་དུ་རྟེན་གཞི་བྱས་པའི་ཨ་ཀཱཤ་ཤེས་ཡོན་ཞབས་ཞུ་ཁང་(Akash Educational Service) དུ་སློབ་སྟོན་པ་གནང་བ་དང་། དེ་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་ཀྱི་དཔེ་མཛོད་ཁང་། བོད་མིའི་མདུན་ལམ་སློབ་སྟོན་ཁང་སོགས་བཞུགས་སྒར་རྟེན་གཞི་བྱས་པའི་སྒྲིག་འཛུགས་ཁག་ཅིག་ཏུ་ཕྱག་ལས་གནང་། སྐལ་བཟང་ཆོས་སྒྲོན། ལས་གཞི་འབྲེལ་མཐུད་པ། སྐལ་བཟང་ཆོས་སྒྲོན་ལགས་བལ་ཡུལ་ཧར་མན་གར་མི་ནར་སློབ་གྲྭ་ནས་གཞི་རིམ་འོག་མའི་སློབ་སྦྱོང་ཐོན་ཞིང་། གོ་པུར་བོད་ཁྱིམ་ནས་གཞི་རིམ་བར་མ་དང་གོང་མའི་སློབ་མཐར་སོན། དེ་རྗེས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཇོ་ཏི་ནི་ཝ་སི་མཐོ་རིམ་སློབ་གཉེར་ཁང་ནས་སྒྱུ་རྩལ་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ན་གཞོན་ནུས་སྤེལ་ལས་ཚོགས་པར་མ་ཕེབས་པའི་སྔོན་གྷུར་གའོ་དུ་རྟེན་གཞི་བྱས་པའི་སི་ཁོ་ཊི་ལན་ཌིའི་དངུལ་ཁང་ཆེན་མོ་ཞེས་པའི་སྒེར་གཉེར་དངུལ་ཁང་ཞིག་ཏུ་དངུལ་རྩིས་དང་དངུལ་ཁང་ལས་དོན་གྱི་གནད་དོན་དབྱེ་ཞིབ་པའི་ངོ་བོར་ལོ་ལྔ་རིང་ཕྱག་ལས་གནང་། བསྟན་འཛིན་ཉི་མ། རྩིས་པ། བསྟན་འཛིན་ཉི་མ་ལགས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། མ་སུ་རི་བོད་ཁྱིམ་ནས་གཞི་རིམ་སློབ་མཐར་སོན། བྷེང་ལོར་དུ་རྟེན་གཞི་བྱས་པའི་ཡེ་ཤུའི་མཐོ་སློབ་(St Stephen’s College) ནས་ཀམ་པུ་ཊར་ཚན་རིག་ཐོག་ཉེ་བའི་གཙུལ་ལག་རབ་འབྱམས་པ་དང་། གཙུག་ལག་སློབ་གཉེར་ཁང་གཞན་ཞིག་ནས་ཚོང་ལས་འཛིན་སྐྱོང་ཐོག་གཙུག་ལག་རབ་འབྱམས་པ་ཐོན། དེ་རྗེས་ལོ་ལྔ་རིང་ལྡི་ལིར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཕྱིར་ཚོང་སྡེ་ཚན་དུ་འགན་འཛིན་གཞོན་པའི་ལས་གནས་ཐོག་ཕྱག་ལས་གནང་། ཁོང་ཕྱི་ལོ་༢ོ༠༡༨ ཟླ་༩ ཚེས་༡ ནས་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་རྩིས་པ་དང་། བོད་ཀྱི་ངལ་སེལ་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་གནང་མུས་སུ་མཆིས། བསྟབ་འཛིན་སྨོན་ལམ། མདུན་ལམ་སློབ་སྟོན་པ། བསྟན་འཛིན་སྨོན་ལམ་ལགས་རྡ་སྟེང་དང་གོ་པུར་བོད་ཁྱིམ་གཉིས་ནས་གཞི་རིམ་སློབ་མཐར་སོན་ཞིང་། བྷ་རོ་ཌ་གཙུག་ལག་སློབ་གཉེར་ཁང་ནས་སློབ་སྟོན་སེམས་ཁམས་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་གཉིས་ཀ་ཐོན་པ་མ་ཟད། མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་གནས་སྐབས་བྷ་རོ་ཌ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཤེས་རིག་དྲུང་ཆེ་དང་། སློབ་ཕྲུག་སྡོད་ཁང་གི་བདེ་འཇགས་ལྷན་ཚོགས་ཀྱི་རྒྱུན་ལས་གནང་། དེ་བཞིན་རྒྱ་གར་གྱི་མཐུན་རྐྱེན་སྦྱོར་སྤྲོད་ལྷན་ཚོགས་(The Rehabilitation Council of India) ཞེས་པའི་འབྲེལ་ཁོངས་སུ་ཞུགས་པའི་སློབ་གཉེར་ཁང་ཞིག་ནས་བྱིས་པའི་སློབ་སྟོན་ཐོག་མཐོ་རིམ་ཌིབ་ལོ་མ་བླངས། ཁོང་མཐོ་སློབ་འགྲིམ་བཞིན་པའི་གནས་སྐབས་སུ་ཆེད་ལས་པའི་ངོ་བོར་བོད་ཁྱིམ་དང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག རྒྱ་གར་བའི་སློབ་ཁག དེ་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་གི་གཞོན་སྐྱེས་རོགས་སྐྱོར་ཚན་པ་སོགས་ཚོགས་པ་སྒྲིག་འཛུགས་འདྲ་མིན་དུ་མདུན་ལམ་སློབ་སྟོན་པའི་ཕྱག་ལས་གནང་། |